བོད་གཞུང་སྨན་རྩིས་ཁང་ནས་སྨན་སྦྱིན་དང༌། སྨན་སྦྱིན་ཕྱེད་བཅག་གནང་ཕྱོགས་ཐད་རྩ་འཛིན་གསལ་བསྒྲགས།

༄༅། རྩ་བའི་སྨན་རྩིས་ཁང་ནས་སྨན་རིལ་དཀྱུས་མ་སྨན་སྦྱིན་གནང་ཕྱོགས་ཀྱི་རྩ་འཛིན་ཡོད་པ་ལག་བསྟར་ཞུ་མུས་ཀྱང༌། འདས་པའི་རིང་སྤྱི་ཚོགས་ཀྱི་གནས་སྟངས་འགྱུར་བ་གང་ཙམ་ཕྱིན་པ་དང༌། དེ་བཞིན་སྒྲིག་འཛུགས་གསར་པའི་རིགས་མང་པོ་འཕེལ་བའི་རྐྱེན་གྱིས་སྨན་སྦྱིན་གནང་ཕྱོགས་ཐད་ལའང་བསམ་ཚུལ་དང་དོགས་འདྲི་གནང་མཁན་མང་པོ་བྱུང་བར་འཛིན་སྐྱོང་ནང་གོ་བསྡུར་ཞུས་འབྲས། ཕྱི་ལོ་ ༢༠༡༡ ཟླ་ ༠༤ ཚེས་ ༠༡ ནས་བཟུང་སྨན་རྩིས་ཁང་གི་བརྟག་དཔྱད་སྨན་པ་དང༌། སྨན་པ་བགྲེས་པ་རྣམས་ནས་སྨན་སྦྱིན་གནང་ཕྱོགས་ཐད་གཏན་འབེབས་ཞུས་པ་གཤམ་གསལ།

ཀ༽ སྨན་སྦྱིན་ཐོབ་ཡུལ་ཁག།
༡། བོད་རིགས་རང་ལོ་ ༦༥ དང༌། དེའི་ཡན་སོན་པ་གཞིས་འགོ་བདེ་དོན་ནས་མིང་ཐོ་དེབ་བཀོད་ཡོད་པ། 
༢། སྲི་ཞུ་བའི་ལས་བྱེད་གང་ཞིག་སྨན་བཅོས་འགན་སྲུང་བསྡུ་འབབ་འབུལ་མཁན་རྣམས་ལ་སྨན་སྦྱིན་ཐོབ་རྒྱུ། སྨན་བཅོས་འགན་སྲུང་འབུལ་གྱི་ཡོད་པའི་ངོས་འབྱོར་ཞིག་ངེས་པར་དུ་སྟོན་དགོས།
༣། ཕོ་བྲང་དུ་ཡོད་པའི་དྭང་སློབ་སྐུ་སྲུང་དང༌། སྒོ་སྲུང་བ་རྣམས་ནས་བོད་གཞུང་བདེ་སྲུང་ལས་ཁུངས་ནས་གནང་བའི་ངོ་སྤྲོད་ལག་འཁྱེར་ངེས་པར་སྟོན་དགོས།
༤། ནད་གཅོང་དང་ཉམས་ཐག་གི་གནས་སྟངས་ཇི་ཡིན་བརྟག་དཔྱད་སྨན་པས་རྟོགས་ཞིབ་ནན་ཏན་བྱས་ཏེ་སྨན་སྦྱིན་གནང་འཐུས།
༥། བྱ་བྲལ་རྣམས་ཆོས་རིག་ལས་ཁུངས་ནས་གནང་བའི་ངོ་སྤྲོད་ལག་འཁྱེར་སྣོམ་རྒྱུ་ཡོད་ན་སྨན་སྦྱིན་ཐོབ་རྒྱུ།
༦། སྲིན་པོ་འཁྲུག་པའི་ནད་གཞི་ 
 HIV/AIDS ཡིས་མནར་བའི་ནད་པར་རང་ཉིད་ཀྱི་སྨན་བཅོས་ཇི་བྱས་ཀྱི་ཡིག་ཆ་ཁུངས་ལྡན་སྟོན་རྒྱུ་ཡོད་ན་སྨན་སྦྱིན་ཐོབ་རྒྱུ་ཡང༌། དུས་ནས་དུས་སུ་དྲག་བསྐྱེད་ཇི་བྱུང་ཐད་ཕྱི་ལུགས་བརྟག་དཔྱད་བགྱིས་པའི་ཡིག་ཆ་ངེས་པར་མཉམ་འཁྱེར་དགོས་པ་ཡིན།
༧། སྨན་རྩིས་ཁང་གི་ལས་བྱེད་དང༌། འདོད་གཅིག་ནང་མི་སྨན་རྩིས་ཁང་ལས་བྱེད་བླང་དོར་དང་ཐོབ་ཐང་སྒྲིག་ གཞི་དོན་ཚན༡༡ནང་གསེས་༣འབྲུ་དོན་ལྟར་ལག་བསྟར་ཞུ་རྒྱུ།

ཁ༽ སྨན་སྦྱིན་ཕྱེད་བཅག་ཐོབ་ཡུལ་ཁག
༡། བོད་གཞུང་ཤེས་རིག་ཁྱབ་ཁོངས་ཀྱི་གཞི་རིམ་སློབ་གྲྭ། རྡ་ས་དང་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་ཁྱབ་ཁོངས་སློབ་གྲྭ། རྡ་ས་རིག་སློབ་ཁང༌། ཤེས་རབ་དགའ་ཚལ་སློབ་གྲྭ། ཝ་ན་བོད་ཀྱི་ཆེས་མཐོའི་སློབ་གྲྭ། དེ་བཞིན་རྒྱ་གར་དང་བལ་ཡུལ་འབྲུག་ནང་གི་མཐོ་སློབ་ཁག་ཏུ་ཡོད་པའི་བོད་རིགས་སློབ་ཕྲུག་བཅས་ནས་རང་རང་སོ་སོའི་སྒྲིག་འཛུགས་ཁག་ནས་གནང་བའི་ངོ་སྤྲོད་ལག་འཁྱེར་ཚད་ལྡན་དུས་བཀག་མ་ཡོལ་བ་སྟོན་རྒྱུ་ཡོད་ན་སྨན་སྦྱིན་ཕྱེད་བཅག་ཐོབ་རྒྱུ།
༢། གྲྭ་བཙུན་ཡིན་ཕྱིན་གྲྭ་ཚང་སོ་སོས་གནང་བའི་ངོ་སྤྲོད་ལག་འཁྱེར་སྣོམ་རྒྱུ་ཡོད་ན་མི་རིགས་དབྱེར་མེད་ཐོག་སྨན་སྦྱིན་ཕྱེད་བཅག་ཐོབ་རྒྱུ།
༣། རང་རིགས་འབྲས་ནད་  
 Cancer མཆིན་ནད་དུག་ཐབ་ Hep ‘B’/Hep ‘C’ དང༌། གློ་གཅོང་ TB བཅས་ཀྱིས་མནར་བའི་བོད་རིགས་ནད་པར་སྨན་སྦྱིན་ཕྱེད་བཅག་འབུལ་རྒྱུ། འོན་ཀྱང་ཡིག་ཆ་ཁག་དང༌། དུས་ནས་དུས་སུ་འགྱུར་བ་ཇི་ཕྱིན་བརྟག་དཔྱད་སྨན་པར་ངེས་པར་སྟོན་གནང་དགོས།

ག༽ ཏར་སྲེག་དཔྱད་བཅོས།
༡། སྨན་སྦྱིན་དང་ཕྱེད་བཅག་ཐོབ་པའི་ནད་པར་ཏར་སྲེག་གི་དཔྱད་བཅོས་གནང་དགོས་ཚེ་རིན་མེད་གནང་འཐུས།

ང༽ སྨན་སྦྱིན་དང༌། ཕྱེད་བཅག་ཐོབ་མི་རྣམས་ནས་ཐུགས་སྣང་དགོས་རྒྱུ།
༡། རང་ཉིད་ས་གནས་གཞན་དུ་ཡུན་རིང་བསྐྱོད་ཁར་ས་གནས་ཡན་ལག་སྨན་རྩིས་ཁང་ནས་རང་ཉིད་ཀྱི་ནད་དེབ་སྟེང་ཐོན་ཚེས་ཞུས་ཏེ་སྨན་པའི་ས་རྟགས་ངེས་པར་བླང་སྟེ་ནད་དེབ་སྣོམ་ཕེབས་དགོས།
༢། རང་ཉིད་བརྟག་དཔྱད་སྨན་པར་བསྟེན་གཏུགས་ཞུས་ཏེ་སྨན་སྦྱིན་དང༌། ཕྱེད་བཅག་སྨན་སྦྱིན་ལེན་པ་ལས་སྨན་པར་བསྟེན་གཏུགས་མ་ཞུས་པར་སྨན་ལེན་མི་ཆོག
༣། སྨན་སྦྱིན་དང༌། ཕྱེད་བཅག་སྨན་སྦྱིན་ཞུ་མི་རྣམས་ནས་ངེས་པར་ནད་དེབ་བདག་ཉར་དགོས།

ཅ༽ སྨན་རྩིས་ཁང་བརྟག་དཔྱད་སྨན་པ་རྣམས་ནས་ཐུགས་སྣང་དགོས་རྒྱུ།

༡། ལག་དོད་ལེན་ཕྱོགས་ཐད་ ༢༠༠༩ ཟླ་ ༥ ཚེས་ ༢ འཁོད་རྩ་འཛིན་གསལ་བསྒྲགས་ལག་བསྟར་ཞུ་རྒྱུ།
༢། ནད་པའི་སྨན་གྱི་ཐོབ་ཁྲའི་ནང་ཙག་ཙིག་དང༌། ཤོག་དོད་སོགས་ཀྱི་བསྡུ་འབབ་གང་ཡང་ལེན་མི་ཆོག
༣། སྨན་ཁང་དུ་ནད་པ་བསྟེན་གཏུགས་ཞུ་མི་སུ་རུང་ནས་ནད་དེབ་བདག་ཉར་དགོས་པས་ནད་དེབ་མེད་ན་ནད་དེབ་ཞུ་དགོས་ཞེས་གསུངས་དགོས།
༤། རིན་ཆེན་རིལ་བུ་ཞུ་དགོས་རིགས་བརྟག་དཔྱད་སྨན་ཁང་གི་སྨན་པའི་ཆོག་མཆན་ཡི་གེ་ལེན་ནས་ཞུ་ན་འགྲིག་འཐུས་དང༌། ལས་ཁུངས་གང་སར་སྨན་པ་སུ་རུང་ནས་ཡི་གེ་ལེན་མི་དགོས་པར་སྒྲིག་འཛུགས་ཀྱི་དུས་ཚོད་དམ་འཛིན་གནང་དགོས།
བོད་གཞུང་སྨན་རྩིས་ཁང་ནས།། ཕྱི་ལོ་ ༢༠༡༡ ཟླ་ ༠༤ ཚེས་ ༡༤ ལ།། །།

འགན་འཛིན།