ས་བདག་བ་དན་ཁྲ་བོའི་སྐོར་གསལ་བཤད།

༄༅། །ས་བདག་བ་དན་ཁྲ་བོའི་སྐོར་དཔེ་ཐུང་ཤོག་རྐྱང་མ་ཞིག་འདུག་པ་དེར། འདི་ལྟར་གསལ། ས་བདག་བ་དན་ཁྲ་བོ་ཟླ་ཚེས་སོ་སོར་འཆར་ཚུལ་བཻ་དཀར་ཤོག་གྲངས་ ༤༦༧ ནས་བཤད་པ་ལྟར། ཞེས་འགོ་བརྗོད་དུ་འཁོད་པ་དེའི་གཤམ་དུ་ཟླ་བ་སོ་སོའི་ཚེས་གྲངས་གང་དུ་འཁེལ་རེའུ་མིག་དང་། དེ་འོག་དེ་རྣམས་ལ་ས་བདག་བ་ཁྲ་ཤར་བའི་སྐབས་འཁེལ་བས་དར་ཆེན་རྒྱལ་མཚན་དར་ལྕོག་ཤམ་བུ་དར་གྱི་རིགས་བཙུག་ན་དར་དེ་མ་ཟད་བར་དུ་ས་བདག་འཁོར་བཅས་ཁྲོས་ཏེ་དགེ་མེད་སྐྱོན་གྱུར་ཆེ་བས་གཟའ་སྐར་བཟང་ཡང་སྤངས་དགོས་ཡོད་ཞིབ་རྩིས་དག་ཐེར་སོང་བ་ལགས། ཞེས་པ་ཞིག་འདུག་པ་ལྟར་ཁུ་ནུའི་ཟླ་ཐོ་སོགས་ལ་བ་དན་བཀོད་ཀྱི་འདུག་ཀྱང་སྨན་རྩིས་ཁང་གི་ཟླ་ཐོ་རྒྱས་བསྡུས་གཉིས་ཀར་བཀོད་ཀྱི་མི་འདུག་པ་དེའི་སྐོར་གསལ་བཤད་ཅིག་བྱུང་ན་རང་རེའི་སྤྱི་ཚོགས་ནང་དྭོགས་པ་རྣམ་རྟོག་མི་ཡོང་བའི་དགེ་མཚན་ཆེ་བས་གསལ་བཤད་ཡོང་བ་ཞེས་འབོད་བསྐུལ་གནང་མཁན་མི་ཉུང་བ་ཞིག་བྱུང་བས་ད་ལམ་འདིར་གསལ་བཤད་ཞུ་རྒྱུར།
དང་པོ། འདི་ག་སྨན་རྩིས་ཁང་གི་ཟླ་ཐོ་རྒྱས་བསྡུས་ནང་བ་དན་མི་བཀོད་པའི་རྒྱུ་མཚན་ནི། དེ་ཡང་། ལོ་རྒྱུས་དོན་གྱིས་མ་བཤད་ན། ཡིད་མ་ཆེས་པའི་རྒྱུ་རུ་འགྲོ། ཞེས་པ་ལྟར་གོང་འཁོད་དཔེ་ཐུང་དེའི་བ་དན་ཁྲ་བོ་འཆར་ཚུལ་གྱི་གཞི་བཟུང་ཡུལ་ལམ་ཁུངས་གཏུགས་ས་ནི་བཻ་དཀར་ཤོག་གྲངས་ ༤༦༧ ནང་གསལ་ཡིན་སྟབས་དེའི་ནང་ཇི་ལྟར་གསལ་ཡོད་ཅེ་ན། བཻ་དཀར་ལྷ་ས་ཞོལ་དཔར་མ་དཔེ་རིང་ཤོག་གྲངས་ ༤༦༧ དང་། ཕྱིས་སུ་མཚོ་སྔོན་མི་རིགས་པར་ཁང་གིས་ ༡༩༩༧ སྤྱི་ཟླ་ ༡༠ པར་དཔར་བསྐྲུན་བྱས་པ་བཻ་དཀར་དེབ་གཟུགས་སྨད་ཆ་དབྱིན་ཨང་ཤོག་གྲངས་ ༢༡༩ ནང་འདི་ལྟར་གསལ། ༈ ཕྱི་སྐོར་བ་དན་ཁྲ་བོ་ནི། མི་དཀར་བ་དན་ཁྲ་བོ་འཕྱར། བྱ་གླང་སྦྲུལ་གསུམ་སྟག་གི་སྟེང་། ཡོས་ལུག་ཕག་གསུམ་སྤྲེའུའི་སྟེང་། སྟག་རྟ་ཁྱི་གསུམ་སྦྲུལ་གྱི་སྟེང་། བྱི་འབྲུག་སྤྲེལ་གསུམ་ཕག་གི་སྟེང་། ལས་ནི་ས་བརྐོ་ས་ལས་ངན། ཀོ་ལོང་དོ་བདག་ཕ་ཚན་ལ། ཉམས་ན་སྣང་བརྒྱད་སྤང་སྐོང་དང་། གཙུག་ཏོར་གཟུངས་བསྡུས་སྒྲོགས་པར་བྱ། སྒྲིབ་ཤིང་སྤྱི་ལྟར་བྱ་བ་ཡིན། ཞེས་གསལ་བ་ལྟར་ས་བདག་བ་ཁྲ་འཆར་བའི་ཉི་མའམ་ཚེས་གྲངས་རེའུ་མིག་དེར་གསལ་བ་ལྟར་ལ་འཁེལ་གྱི་ཡོད་ཀྱང་བྱ་ལས་སྤང་དགོས་པ་ནི། ལས་ནི་ས་བརྐོ་ས་ལས་ངན། ཞེས་ས་བརྐོ་བ་དང་། ས་ལས་ལ་ངན་པས་སྤངས་དགོས་པར་བསྟན་པ་ལས་དར་ལྕོག་སོགས་བཙུགས་ན་ངན་ཞེས་ཚིག་ཟུར་ཙམ་ཡང་གསལ་མེད། དེ་ནས་ཀོ་ལོང་དོ་བདག་ཕ་ཚན་ལ༑ ཞེས་གལ་ཏེ་ས་བདག་བ་ཁྲ་འཁེལ་ཉིན་ས་བརྐོ་ས་ལས་བྱས་ན། ཀོ་ལོང་སྟེ་ཁོང་ཁྲོ་དོ་བདག་དང་དེའི་ཕ་རྒྱུད་ལ་གནོད་པའི་དོན། བཅོས་ཐབས་སམ་བཟློག་ཐབས་གོང་དུ་གསལ་བའི་ཞབས་རིམ་བྱ་དགོས་ཞེས་གསལ་བར་བསྟན་ཡོད། རྒྱུ་མཚན་དེ་ལ་བརྟེན་དེ་སྔ་ ༡༩༥༩ ལོ་ཕན་གྱི་གཞུང་ཟླ་སྟེ་ལྷ་ལྡན་སྨན་རྩིས་ཁང་ནས་འདོན་གནང་མཛད་པའི་ཟླ་ཐོའི་ནང་དུའང་བ་དན་བཀོད་མེད་ལ་འདི་ནས་འདོན་བཞིན་པའི་ཟླ་ཐོ་རྒྱས་བསྡུས་ནང་མི་བཀོད་པའི་རྒྱུ་མཚན་ཡང་དེ་ལྟར་ལགས།
གཉིས་པ་བཻ་དཀར་དང་། ཉི་སྣང་གཉིས་ཀའི་འབྲས་རྩིས་ནང་རྒྱལ་མཚན་དང་། བ་དན་འཛུགས་པར་བཟང་ངན་བསྟན་ཡོད་པ་ནི། བཻ་དཀར་ཞོལ་པར་མ་ཤོག་གྲངས་ ༥༧༩ རྒྱབ་ཡིག་ཕྲེང་ ༥ དང་བཻ་དཀར་མཚོ་སྔོན་པར་མ་དེབ་གཟུགས་སྨད་ཆ་དབྱིན་ཨང་ཤོག་གྲངས་ ༣༩༧ ཡིག་ཕྲེང་ ༣ དེ་བཞིན་སྨིན་གླིང་ལོ་ཆེན་གྱིས་མཛད་པ་རྩིས་གཞུང་ཉིན་བྱེད་སྣང་བ་འདི་ག་སྨན་རྩིས་ཁང་ནས་དཔར་དུ་བསྐྲུན་པ་དེབ་གཟུགས་དབྱིན་ཨང་ཤོག་གྲངས་ ༡༥༦ ཡིག་ཕྲེང་ ༡༣ བཅས་ལ་འདི་ལྟར་འཁོད། དེ་ཡང་ཉི་སྣང་ལས། ༈ རྒྱལ་མཚན་བ་དན་འཛུགས་པའི་རྩིས༑ ཉི་ཕུར་སྤེན་བཟང་མིག་དམར་ངན། ཟླ་ལྷག་སངས་འབྲིང་ཐ་སྐར་མགོ། རྒྱལ་དབོ་ཁྲུམས་སྟོད་ཆུ་སྨད་བཟང་། བྲ་སྨིན་ལག་མཆུ་གྲེ་སྣྲུབས་ངན། དུས་སྦྱོར་གླང་འཁྲིག་སེང་གཞུ་བཟང་། ཆུ་སྲིན་སྡིག་སྲང་ཀརྚ་ངན། ཉི་མ་གླང་ལུག་གཉིས་པོར་འཛེམས། ཞེས་གསལ་བ་དང་། བཻ་དཀར་ནང་། གཟའ་སྐར་དུས་སྦྱོར་ཉི་མ་བཅས་གོང་དང་གཅིག་མཚུངས་ཐོག་འཕར་ཐོལ། ཉི་ནག་དང་། བིཥྚི། སའི་ཕུང་བྱེད་ལ་འཛེམས་དགོས་པ་དང་། བདུད་རྩི་ཐུན་མཚམས་དགེ་ཞེས་འཁོད་ཡོད་པ་བཅས་འཛེམས་དགོས་པའི་ཉི་མ་དེ་གླང་ལུག་གཉིས་ཡིན་པ་དངོས་སུ་བསྟན་ཡོད། གོང་འཁོད་དཔེ་ཐུང་དེའི་རེའུ་མིག་ནང་གསལ་ཚེས་གྲངས་དེ་རྣམས་སྟག་སྤྲེལ་ཕག་སྦྲུལ་བཞི་གང་རུང་གི་ཉི་མ་རེད། ཉི་མ་དེ་རྣམས་ལ་འཛེམས་དགོས་ཞེས་རྩ་བ་ནས་གསལ་མེད་པ་བཅས་དང་། ལར་ནས་རྩིས་གཞུང་མཛད་པ་པོ་སྐྱེས་ཆེན་དམ་པ་འགྲོ་བ་སེམས་ཅན་ལ་ཕན་བདེ་འབྱུང་ཐབས་ཁོ་ནར་དགོངས་པ་བཞེས་མཁན་ཞིག་ནས། དར་མ་ཟད་བར་དུ་ས་བདག་འཁོར་བཅས་ཁྲོས་ཏེ་དགེ་མེད་སྐྱོན་འགྱུར་གྱིས་ཉེས་པ་ཆེན་པོ་འདི་ལྟ་བུ་གསལ་པོར་མི་སྟོན་པ་མི་སྲིད་སྙམ་པ་བཅས། །བོད་ཀྱི་སྨན་རྩིས་ཁང་སྐར་དཔྱད་རྩིས་རིག་སྡེ་ཚན་ནས་སྤེལ།